KetoTibet Keto ཀི་སྤྲོ་འབྲོག་ཟས?

ketotibet.com

མངར་ནད་གཅིན་སྙི་ངོས་འཛིན།

མངར་ནད་གཅིན་སྙི་ལ་རིགས་ཁ་ཤས་ཡོད་པ་ལས་དྲ་ངོས་འདི་ type 2 diabetes གཅིན་སྙི་རིགས་གཉིས་པའི་སྐོར་ལ་ཡིན།།

Diabetes གཅིན་སྙི་འདི་གཙོ་བོ་ lifestyle མི་ཚེ་སྤྱོད་ཚུལ་དང་། dietary བཟའ་བཏུང་དང་འབྲེལ་བའི་ནད་རིགས་གཅིག་རེད་འདུག།

Diabetes གཅིན་སྙི་འདི་རྙོག་འཛིངས་མང་བའི་ནད་ཆེན་དུ་མ་འཁྲིད་ཡོང་བའི་བཅོས་མེད་ཀྱི་ནད་རྫབ་ཆེན་གཅིག་རེད་ཟེར་གྱི་ཡོད་རེད། འདི་ལས་རྙོག་འཛིངས་མང་བའི་ནད་ཆེན་ཧ་ལམ་མེད་པ་རེད། ཉོན་མོངས་ལྟ་བུ་ལ་མཚོན་ན་འདི་ཧ་ལམ་གཏི་མུག་དང་འདྲ།།

ལུས་ཁྲག་གི་ནང་དུ་མངར་རྫས་ཚད་ལས་བརྒལ་བ་ཡོད་པ་ལ་ diabetes མངར་ནད་དམ་གཅིན་སྙི་ལབ་པ་ཙམ་ལས་ནད་འདི་ལ་ནད་གཅིག་གི་ངོས་འཛིན་ཡོང་བ་ཁག་པོ་རེད། ནད་འདི་ metabolic syndrome “ནུས་སྒྱུར་དུ་མའི་འཁྲུག་ནད་དམ་ནད་མང་འཁྲུག་འདུས་”ཡིན་པ་ཞིག་ལ་གོ།

ཀ་ར་དང་འབྲེལ་བའི་ཟས་སྣ་མང་པོ་ཟ་ན། diabetes ཀ་རའི་ནད་གཅིན་སྙི་འདི་ན་ཡོང་གིས་ཡོད་པ་མང་པོས་དེང་སང་ཤེས་པ་དེ་དཔེ་ཡག་པོ་རེད། དེ་ཐུན་མོང་གི་ཤེས་ཡོན་ཅིག་ཆགས་ཡོད་རེད།། བདེན་པ་བཞིའི་སྐབས་སུ་གསུངས་པ་ནང་བཞིན། ནད་ཀྱི་གཞི་རྩ་གང་ཡིན་པ་ཤེས་པ་དང་འབྱུང་ཁུངས་གང་ཡིན་པ་ཤེས་ནས་ངོ་འཕྲོད་པ་དེ་གལ་ཆེ་བས་རིམ་པ་དང་པོ་དེ་འདི་ཡིན།།

ཡིག་ཆ་འདི་ཆ་ཚང་ཀློག་མ་ཐུབ་ན་གཤམ་གྱི་ཚིག་གྲུབ་དམར་པོ་འདི་ངེས་པར་དུ་གཟིགས་རོགས། འདི་ཤེས་མཁན་དཀོན་པོ་འདུག།

དཔེར་ན་ཇ་དང་ཞོ་ལ་སོགས་པའི་ནང་ལ་བླུག་པའི་བྱེ་མ་ཀ་ར་དང་། ང་ཚོའི་ཙམ་པ་ (ནས་ཞིབས) གཉིས་ཕྱི་ནས་ལྟ་དུས་ཁ་ཁ་ཡིན་པ་རེད། ཡིན་ན་ཡང་དེ་གཉིས་ཁོག་པའི་ནང་དུ་སླེབས་ནས་འཇུ་ཚར་བའི་རྗེས་སུ། དེ་གཉིས་ཀ་་་མངར་རྫས་ཀ་ར་ལ་འགྱུར་ནས་ཁྲག་གི་ནང་དུ་རྒྱུག་པ་གཅིག་པ་རེད་འདུག།

ཕྱི་ལ་རྫས་གཉིས། ནང་ལ་རྫས་གཅིག། ཕྱི་ནས་ལྟ་དུས་རྫས་མི་འདྲ་བ་གཉིས་ཡིན་པ་ལ། ནང་ལ་སླེབས་རྗེས་དེ་གཉིས་ཀ་གཅིག་པ་ཡིན་པ། དེ་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་རེད་ཟེར་ན་ཆོག།

སྤྱིར་བཏང་བྱེད་ན་ཆ་སྙོམ་ལ་་་ནར་སོན་པའི་མི་ཡི་ལུས་ཀྱི་ནང་ལ་ཁྲག་མི་ལི་ལི་ཊར་ ༤༥༠༠ – ༥༧༠༠ ཡི་བར་ལ་ཡོད། ལུས་ཁྲག་གི་ནང་ལ་ glucose མངར་རྫས་ཨེ་དགོས་ཟེར་ན་ངེས་པར་དུ་དགོས་པ་ཡིན། འོན་ཀྱང་མང་ཉུང་གྷ་རམ་ 4 ཙམ་ལས་མི་དགོས།།

བྲོ་ཞིབ་གྷ་རམ་ ༡༠༠ ལ་མངར་རྫས་སུ་འགྱུར་འགྲོ་བའི་ཁར་སྦོ་མངར་རྫས་གྷ་རམ་ ༦༠ ཙམ་ཡོད། བྱས་ཙང་བག་ལེབ་གཅིག་གམ་གཉིས་ཟ་དུས་carbohydrate ཁར་སྦོ་མངར་རྫས་ ༦༠ ཙམ་ཟ་འགྲོ་ཡིས་ཡོད་རེད། འོ་ཙི་ལོ།།

བྱེ་མ་ཀ་ར་ཐུར་མ་གཅིག་ལ་གྷ་རམ་ ༡༣ ཙམ་ཡོད།།

ཞུས་མ་ཐག་པའི་མངར་རྫས་གྷ་རམ་ ༤ དགོས་པ་དེ་ཟས་ལས་མ་བྱུང་ན་མི་སྐྱོན། དེ་མཆིན་པས་བཟོ་ཐུབ་པ་ཡིན། ལུས་ཀྱི་བྱེད་ལས་ཀྱི་རྟེན་འབྲེལ་འདི་ཧ་ལས་པ་ཞིག་རེད་འདུག།

ཁར་སྦོ་མངར་རྫས་དེ་ཟས་བཅུད་རག་པ་གསུམ་གྱི་ཁོང་གཏོགས་ལ་ཡོད་པ་དེ་ཕོན་ཆེན་པོ་ཡོད་པའི་རྒྱུ་མཚན་ལས་ལུས་འདི་ལ་མེད་དུ་མི་རུང་བའི་ཟས་ཞིག་ཡིན་པའི་ཆ་ནས་རེད་མི་འདུག།

ཡ་འོ་ན་ལུས་འདི་ལ་ཟས་གཙོ་བོ་ག་འདྲ་དགོས་ཞེ་ན། protein & fat “སྤྲི་རྫས་དང་ཞག་ཚི་”གཉིས་མེད་དུ་མི་རུང་བ་ཡིན། དེའི་ནང་ནས་གཙོ་བོ་དེ་ protein སྤྲི་རྫས་རེད།།

Protein གྱི་ཚིག་འདིའི་འབྱུང་ཁུང་དེ་ཡང་ Greek རེད། འདིའི་དོན་ནི་ “གཙོ་བོ” ཡིན། འདི་ལ་རིགས་དུ་མ་ཡོད།།

Amino acids ཨ་མི་ནོ་ཨེ་སིཌ་ལྟ་བུའི་ protein སྤྲི་རྫས་དང་། fatty acids ཞག་ཚིལ་དེ་ཚོ་ essential ལུས་ལ་ངེས་པར་དུ་དགོས་པའི་ཟས་ཆེན་ཡིན།།

ངེས་པར་དུ་དགོས་པའི་ protein སྤྲི་རྫས་དང་ཞག་ཚི་གཉིས་ཀྱི་ཟས་ཀྱི་འབྱུང་ཁུངས་ལ་གཉིསཿ དུད་འགྲོ་དང་། སྔོ་ལྡུམ་གཉིས་ཡིན།།

དུད་འགྲོ་ལས་བྱུང་བའི་ protein སྤྲི་རྫས་དེ་ཤ་དང་། མར་དང་ཕྱུར་བ་སོགས་ལ་ཡོད། དུད་འགྲོ་ལས་བྱུང་བའི་བཅུད་ཟས་དེ་མིའི་ལུས་པོ་ལ་འཐིམ་ཆེ་བ་དང་སླ་བ་ཡོད།།

སྔོ་ལྡུམ་ལས་བྱུང་བའི་ protein སྤྲི་རྫས་དེ་ཏོ་ཕུ་དང་། དྷལ་གྱི་རིགས་དང་། སྲན་མའི་རིགས་སོགས་ལ་ཡོད། སྔོ་ལྡུམ་ལས་བྱུང་བའི་ཟས་བཅུད་དེ་མིའི་ལུས་པོ་ལ་འཐིམ་ཆུང་བ་དང་དཀའ་བ་ཡོད།།

Diabetes མངར་ནད་གཅིན་སྙི་འདིའི་རྐྱེན་གྱིས་ནད་རིགས་མང་པོ་འཁྲིད་ཡོང་གིས་ཡོད་པས། ལུས་ཀྱི་ཁྲག་གི་ནང་ལ་རྒྱུག་པའི་ཀ་ར་དེ་ཚོ་ཚད་ལས་རྒལ་བའམ་མང་དྲག་ན། མཆིན་པས་ཀ་ར་དེ་ཚོ་ཚིལ་ལ་བསྒྱུར་ནས་་་ fat cells ཚིལ་ཞག་ཕྲ་ཕུང་གི་ནང་དུ་་་མ་འོངས་པར་་་བེད་སྤྱོད་བྱ་རུང་བའི་ fuel སྣུམ་མམ་ནུས་པ་ཞིག་ལ་བསྒྱུར་ནས་་་ insulin ཨིན་སུ་ལིན་གྱིས་ཚིལ་ཁང་གི་ནང་དུ་ཉར་འཚག་བྱེད་ཀྱི་ཡོད་རེད།།

སྤྱིར་བཏང་ང་ཚོའི་ལུས་འདིས་ཟས་དེ་ནུས་པ་ཞིག་ལ་བསྒྱུར་བ་དང་། ཚད་ལས་རྒལ་བའི་ནུས་པ་ལྷག་པོའམ་འཐེབ་པ་དེ་ཚོ་མ་འོངས་པར་ཁོ་སྤྱོད་པའི་ཆེད་དུ་ཉར་ཚགས་བྱེད་ཀྱིས་ཡོད།།

རིམ་པ་དེ་འདི་འདྲ་རེད། ཡག་པོ་གཟིགས་དང་།།

ལུས་ཀྱི་ནང་ལ་ཙམ་པ་དང་། འབྲས་དང་། བག་ལེབ་ལྟ་བུའི་ཟས་དེ་ carbohydrate ཁར་སྦོ་མངར་རྫས་ལ་འཇུ་བ་དང་། དེ་ glucose “མངར་རྫས་”ཀྱི་ནུས་པ་གཅིག་ལ་བསྒྱུར།།

ལུས་ཁྲག་གི་ནང་ལ་མངར་རྫས་མང་རུ་འགྲོ་བ་ pancreas “གཤེར་རྨེན་”གྱིས་ཚོར་དུས་ལམ་སང་ཨིན་སུ་ལིན་བསྐྲུན་གྱིས་ཡོད་རེད།།

མངར་རྫས་དང་ཨིན་སུ་ལིནགཉིས་ཀ་ཁྲག་རྩའི་བརྒྱུད་ནས་ལུས་ཀྱི་ནང་ལ་ཡོད་པའི་ cells "སེལ" གྱི་ནང་ལ་འགྲོ་ཡིས་ཡོད་རེད།།

Cell "སེལ་"ཞེས་པའི་དབྱིན་ཡིག་འདི་བོད་སྐད་དུ་སྦུབས་ཕྲན་དང་། ཕྲ་ཕུང་ཞེས་ཡིག་བསྒྱུར་བྱེད་འདུག། འདིར་ཡི་གེ་མང་བ་དོག་པས་དབྱིན་ཡིག་ cell ལས་བོད་སྐད་དུ་སྒྲ་ཕབས་པ་ "སེལ་" ཞེས་པ་དེ་རང་བེད་སྤྱོད་བྱེད་ཀྱི་ཡིན་པས་ཐུག་མཇག་གནངས་རོགས།།

སྤྱིར་མིའི་ལུས་ལ་ cell "སེལ" billion ཐེར་འབུམ་ ༢༥ དང ༣༥ གཉིས་ཀྱི་བར་ཡོད།།

ཨིན་སུ་ལིན་དེ་ལྡེ་མིག་ལ་དཔེ་བཞག་གིས་འདུག ཨིན་སུ་ལིན་གྱིས་ cell "སེལ" དེ་ཚོ་སྒོ་ཕྱེ་ནས་མངར་རྫས་དེ་ཚོ་ནང་ལ་གཏོང་ནས་ནུས་པ་གཏེར་གྱིས་ཡོད་རེད།།

དེའི་རྗེས་ལ་མངར་རྫས་ཇི་ཙམ་ལྷག་ཡོད་ན་དེ་ཚོ་མཆིན་པས་ཚིལ་ལ་བསྒྱུར་བ་ཡིན་པས། རིམ་པ་འདི་ནི་ལུས་ཀྱིས་མ་འོངས་པར་འཁོ་དགོས་ཡོད་པའི་ནུས་པ་ཉར་ཚགས་བྱེད་སྟངས་ཡིན།།

ད་འོ་ན་རྙོག་དྲ་ག་འདྲ་བྱེད་ནས་ཆགས་ཀྱིས་ཡོད་རེད་ཟེར་ན། ལུས་ཀྱི་ནང་གི་ cell "སེལ" དེ་ཚོ་ཁེངས་ཚར་ན་ཡང་ད་དུང་མུ་མཐུད་ནས་ལུས་ཀྱི་ནང་ལ་མངར་རྫས་བླུག་དུས། མངར་རྫས་དེ་ཚོ་འགྲོ་ས་མེད་པ་ཆགས་པ་རེད། དེ་དུས་མངར་རྫས་ཀྱི་ཚད་དེ་ཁྲག་གི་ནང་དུ་ཇེ་འཕེལ་ཇེ་མང་དུ་འགྲོ་བ་ཡིན།།

Type 2 Diabetes གཅིན་སྙིའི་རིགས་གཉིས་པ་འདི་”ཕྱིར་”ལུད་པའམ་མང་དྲག་པའི་རྙོག་དྲ་ཞིག་རེད།།

ད་དེ་འདྲ་རེད་དུས་ pancreas གཤེར་རྨེན་གྱི་ཨིན་སུ་ལིན་མང་རུ་བཟོ་ནས་ cell "སེལ" གྱི་ནང་ལ་མངར་རྫས་ལྷག་པོའམ་འཐེབས་པ་དེ་ཚོ་སྟིམ་པ་ལ་ཤུགས་རྒྱབ་ཀྱིས་ཡོད་རེད། ད་དེ་ཡུན་རིང་པོ་བྱེད་མི་ཐུབ། ཐ་མར་ cell "སེལ" དེ་ཚོ་རྦེད་དེ་གང་ཚར་དུས་ cell "སེལ" དེ་ཚོའི་ཨིན་སུ་ལིན་ལ་ཁ་ཡ་ཞེ་དྲག་མི་བྱེད་པ་རེད།།

འདིའི་གོ་དོན་ནི་ pancreas གཤེར་རྨེན་གྱིས་ཨིན་སུ་ལིན་བཟོ་ཐུབ་པ་ཡིན་ན་ཡང་ལུས་ཀྱི་ cell "སེལ" གྱིས་བེད་སྤྱོད་ལེགས་པར་གཏོང་མི་ཐུབ་པ་ཆགས། དེའི་འབྲས་བུ་ལ་ pancreas གཤེར་རྨེན་གྱིས་རྨེན་རྫས་ཨིན་སུ་ལིན་དེ་ཇེ་མང་དུ་གཏོང་བ་ཡིན།།

ཨིན་སུ་ལིན་འདི། ཡུན་ཐུང་ན་ཕན་པ་དང་། ཡུན་རིང་ན་གནོད་པ་ཞེས་འབྲེལ་ན་འགྲིགས།།

སྤྱིར་ལུས་ཀྱི་བྱ་སྤྱོད་དེ་སྙོམས་སྒྲིག་ཏུ་གནས་པ་ཞིག་ཡིན་པ་རེད། དཔེར་ན་གྲང་དྲག་ན་ལུས་ཀྱིས་འགུལ་ཞིང་འདར་བའི་སྒོ་ནས་དྲོད་སྐྱེད་ཐབས་བྱེད་པ་དང་། ཚ་དྲག་ན་རྔུལ་ནས་བསིལ་ཐབས་བྱེད་ཀྱིས་ཡོད་རེད།།

མདོར་བསྡུས་ན་མངར་རྫས་ཁྲག་གི་ནང་ལ་ཡུན་རིང་པོ་མཐོ་བོར་སྡོད་དུས་ "ཨིན་སུ་ལིན་གདོང་ལེན་" དེ་བྱུང་གིས་ཡོད་རེད།།

ལྡེ་མིག་གི་དཔེ་དང་སྦྱར་ནས་བཤད་ན་ཨིན་སུ་ལིན་དེ་ལྡེ་མིག་ལྟ་བུ་རེད། དེས་ cell "སེལ" གྱིསྒོ་ལྕག་ཕྱེ་ནས་ནང་ལ་མངར་རྫས་གཏོང་བའམ་བཅུག་པ་རེད། ལྡེ་མིག་དེ་ཕྱིར་འདོན་རྗེས་མངར་རྫས་ཁྲག་དེ་ cell "སེལ" གྱི་ནང་ལ་འཛུལ་མི་ཐུབ། ཨིན་སུ་ལིན་གདོང་ལེན་གྱི་སྐབས་སུ་ལྡེ་མིག་དང་སྒོ་ལྕག་གཉིས་མི་འགྲིགས་པ་རེད། དེ་དུས་མངར་རྫས་དེ་འཛུལ་ས་མེད་ནས་ཁྲག་གི་ནང་ལ་སྐོར་སྡོད་པ་རེད།།

བྱས་ཙང་ཨིན་སུ་ལིན་མཐོ་བོ་ཡོད་པ་དེ་ཉུང་རུ་གཏོང་ན་ཨིན་སུ་ལིན་གདོང་ལེན་གྱི་ནད་དེ་ཡང་ལྡོག་ཐུབ་ཀྱིས་ཡོད་རེད།།

Type 2 diabetes གཅིན་སྙི་རིགས་གཉིས་པ་དེ་མང་པོས་བཤད་པ་ནང་བཞིན། རྒྱུན་གནས་དང་། ཇེ་འཕེལ་འགྲོ་བའི་ནད་གཞི་ཞིག་ཡིན་མི་དགོས་པར། འདི་ལ་ལྡོག་ཐབ་ཡོད་རེད། གཙོ་བོ་དེ་ཟས་རག་པ་གསུམ་གྱི་གྲང་མང་ཉུང་དེ་འགྱུར་བ་གཏོང་དགོས་པ་དང་། intermittent fasting “བར་མཚམས་བཞག་པའི་སྨྱུང་གནས་” བྱེད་པ་དང་། ཉིན་ལྟར་ལུས་ཀྱི་འགུལ་སྤྱོད་མང་པོ་བྱེད་དགོས་པ་དེ་གསུམ་རེད།།

དཔེ་ཆ་བ་ཡིན་ན་རྟེན་འབྲེལ་ལུགས་འབྱུང་ལུགས་ལྡོག་གི་རིམ་པ་ལ་ཐུགས་བསམ་བཞེས་དང་། རིམ་པ་བཅུ་གཉིས་འདི་ལ་བརྩིས་ཡ་ཕལ་ཆེར་མེད་ཀྱང་ལུགས་འབྱུང་ལྡོག་གི་རིམ་པ་ཞིག་ངེས་པར་དུ་ཡོད།།

ཁོག་པའི་ནང་དུ་ཡོད་པའི་ digestive system “འཇུ་བྱེད་མ་ལག་” གི་ཆ་ཤས་ཡིན་པའི་དབང་པོ་ཞིག་ལ་ pancreas “གཤེར་མ་”ཟེར། གཤེར་རྨེན་གྱིས་ digestive enzyme འཇུ་བྱེད་ཀྱི་སྨིན་རྫས་དང། (ཨིན་སུ་ལིན་ལྟ་བུའི་) hormone “རྨེན་རྫས་”གཉིས་ཀ་ཐོན་སྐྱེད་བྱེད་ཀྱིས་ཡོད།།

Insulin ཨིན་སུ་ལིན་གྱི་བྱེད་ལས་ནི་ཁྲག་གི་ནང་ལ་ཡོད་པའི་ glucose མངར་རྫས་ཀ་ར་དག་མགོ་གནོན་བྱེད་པའམ་ཚད་ཏག་ཏག་བཞག་པའི་ལས་ཀ་བྱེད་མཁན་གྱི་ hormone ཧོར་མཽན་རྨེན་རྫས་དེ་རེད། ལུས་ཀྱི་ནང་ལ་མངར་རྫས་དེ་ག་ཚོད་མང་རུ་འགྲོ་ན་དེ་ཙམ་གྱི་ཨིན་སུ་ལིན་དེ་མང་རུ་འགྲོ་ཡིས་ཡོད་རེད།།

དཔེར་ན་ཟས་ཟ་ཐེང་གཅིག་ལ་ carbohydrate ཁར་སྦོ་མངར་རྫས་གྷ་རམ་ ༡༠༠ ཙམ་ཟས་ནས་ཀ་ར་ཡར་འཕར་དུས། ཨིན་སུ་ལིན་དེ་ཡང་མཐོན་པོར་འགྲོ་ནས་ཀ་ར་དེ་མགོ་གནོན་བྱེད་དགོས་ཀྱིས་ཡོད་རེད། དེའི་དགོས་པ་ནི་མངར་རྫས་ཀ་ར་དེས་མིག་དང་དབང་པོ་གཞན་ལ་ཡོད་པའི་རྩ་ཕྲན་དུ་མར་གནོད་སྐྱོན་བྱེད་ནས་མཐའ་མར་ལོང་བར་གྱུར་པ་དང་། སྙིང་ཁྲག་འགག་པ་དང་། ཀླད་རྩ་འགས་པ་དང་། འཁལ་མ་སྐྱོན་ཤོར་བ་དང་། gum “སོ་རྙིལ་”ལ་གནོད་པ་དང་། རྐང་པ་གཅོད་དགོས་པ་སོགས་སྲོག་ལ་ཉེན་ཁ་ཆེ་བའི་གནོད་ཚེ་མང་པོ་འགོག་པའི་བྱ་བ་བྱེད་ཀྱིས་ཡོད་རེད།།

དེས་ན་མངར་ཟས་དང་འབྲུ་རིགས་ཀྱི་ཟས་དེ་ཚོ་ཟ་ཚོད་མ་བྱེད་ནས་ཞིམ་པོ་འདུག་དྲན་ནས་གང་མང་མང་ཟ་སྡོད་ན་ཨིན་སུ་ལིན་དེ་ཡང་གང་མང་མང་བསྐྲུན་དགོས་ཀྱིས་ཡོད་རེད། གང་མཚམས་ནས་ལུས་ཀྱི་ནང་ལ་རྨེན་གཤེར་ཨིན་སུ་ལིན་དེ་མང་དྲག་པས་ལུས་ཀྱིས་ཨིནསུལིན་ལ་ཁ་ཡ་མ་བྱེད་པའམ། གདོང་ལེན་བྱེད་པའམ། འགོག་རྒོལ་བྱེད་པ་རེད། དེ་དུས་ནད་དེའི་མིང་ལ་ insulin resistance ཟེར།།

མི་མང་ཆེ་བ་དེའི་སྐབས་སུ་མཐོང་ཡ་ཡོད་པ་ཞིག་ལ་ད་རྒྱགས་པ་ཆགས་ཡ་འགོ་བཙུགས་པ་རེད། ཤ་སྐམ་པོ་ཡིན་པ་ལ་ཕྱི་སྐམ་ནང་རྒྱག་ཡིན་མཁན་དེ་ཚོར་ཕྱི་ནས་མངོན་གསལ་རྒྱགས་པ་མེད་ཀྱང་ནང་ནས་རྒྱགས་འགོ་དེ་དུས་བཙུགས་པ་རེད།།

Insulin resistance ཨིན་སུ་ལིན་གདོང་ལེན་གྱི་མཚམས་ལ་སླེབས་དུས་མང་པོ་ཞིག་ལ་ཁྲག་ཤེད་དེ་ཡང་ག་ལས་འཕར་ཡོང་བ་དང་། མཆིན་པ་ཚིལ་གྱིས་གཏུམ་པ་དང་། དེའི་རྟགས་དེ་ལ་ triglyceride ཚད་དེ་ཐོ་རུ་ཕྱིན་ཡོད་པའམ་འགྲོ་བ་དང་། HDL དམའ་པོ་ཡོད་པའམ་དམའ་རུ་འགྲོ་བ་དང་། ཟས་ཇི་ཙམ་ཟོས་ན་ཡང་གྲོད་པ་ལྟོགས་པའི་ཚོར་བ་ཡང་ཡང་ཡོད་པ་དང་། མང་ཆེ་བ་ཞིག་དེ་དུས་རྒྱག་རུ་འགྲོ་བ་དང་། གཞོན་དུས་སྐམ་པོ་ཡོད་ན་ཡང་ད་གྲོད་པ་དེ་མདུན་ནས་ཆེ་རུ་འགྲོ་བ་དང་གཞོགས་སམ་ཟུར་ནས་རྒྱག་རུ་འགྲོ་ནས་སྒྲིལ་སྒྲིལ་རིལ་རིལ་དེ་འདྲ་ཡོང་བ་དང། ཁ་སྐོམ་ཡ་མང་རུ་འགྲོ་བ་དང་། རྨ་གཉེན་ཡོང་བ་མང་བ་དང་། རྨ་གཉེན་གསོ་དཀའ་བ་དང་། ངོ་གདོང་དང་བྲང་ཁོག་དང་སྐེ་ལ་རྣག་མགོ་ཡོད་པའི་ acne འབུར་ལྡོག་སོགས་ཡང་ཡང་ཡོང་བ་དང་། གཅིན་པ་ཡང་ཡང་གཏོང་དགོས་པ་དང་། མཚན་ལྟག་པར་གཉིད་སྐྱིད་པོ་ཉལ་བའི་སྐབས་སུ་གཅིན་གཏོང་འགྲོ་དགོས་བྱུང་བ་དང་། འགུལ་སྐྱོད་ཉུང་ཙམ་ཞིག་བྱེད་པ་དང་ཐང་མགྱོག་པོ་ཆད་པ་སོགས་ཀྱི་ Insulin resistance ཨིན་སུ་ལིན་གདོང་ལེན་གྱི་རྟགས་མཚན་མང་པོ་ཡོད་པས་དེ་དག་ངོ་ཤེས་པ་གལ་ཆེ་བ་ཡིན།།

ནད་འདིའི་མིང་འདོགས་ཚུལ་དེ་གང་འདྲ་རེད་དྲན་གྱིས་འདུག་གམ? གཅིན་ལ་རྟེན་ནས་ཤེས་པས་ diabetes གཅིན་སྙི་ཞེས་མིང་འདོགས་པ་རེད་པ།།

གཉེན་པོ་དང་འདྲ་བའི་ཨིན་སུ་ལིན་དེ་ལུས་ཀྱི་ནང་ལ་མང་དྲག་ན་དེས་རྐྱེན་བྱེད་ནས་རྒྱགས་ནད་སོགས་མང་པོ་ཡོང་གི་ཡོད་པ་དེ་བློ་སྦྱོང་གི་སྐབས་སུ་གཉེན་པོ་ཁོ་རང་སྤང་བྱར་འགྲོ་བ་གསུངས་པ་ནང་བཞིན་རེད་འདུག།

མདོར་ན་ཀ་ར་དང་འབྲུ་རིགས་ཀྱི་ཟས་དེ་ཚོ་ག་ཚོད་ཉུང་ཉུང་ཟ་ན་དེ་ཙམ་གྱིས་ཨིན་སུ་ལིན་དེ་ཡང་ཉུང་རུ་འགྲོ་བས་ཚེ་སྲོག་ལ་ཉེན་ཁ་ཡོད་པའི་ནད་རིགས་མང་པོ་སྔོན་འགོག་བྱེད་ཐུབ་པ་དང་ཕྱིས་འགྱངས་བྱེད་ཐུབ།།

རང་གི་ལུས་འདི་ལ་དངོས་ནས་ཀ་རའི་ཁ་སྣོན་བྱེད་དགོས་ཡ་མེད་རེད།།

མཁས་པ་ཚོས་ཀ་ར་འདི་ཟས་ཀྱི་ཁོངས་སུ་མི་གཏོགས་པ་མ་ཟད་ toxic དུག་ཅན་ཡིན་པ་དང་། ཀ་ར་དེ་ཐ་མག་དང་ཆང་རག་ནང་བཞིན་འདོད་རྔམ་གྱི་ངན་ལང་ཤོར་ནས་བཟའ་བཏུང་བྱེད་པ་ལས་ལུས་ལ་འཁོ་བའི་རྫས་ཅིག་མིན་པ་བཤད་ཀྱིས་འདུག།

གང་ཟ་རུང་བ་ཡིན་ན་དེ་ལུས་ཀྱི་འཚོ་འཕེལ་ལ་དགོས་པའི་བཅུད་ཟས་ཡིན་པའི་ངེས་པ་མེད་རེད།། 

Packaged processed food ལས་སྣོན་བྱེད་པའི་ཟས་རྫས་སམ་བཟོ་གྲར་བཅོས་མར་བཟོས་ནས་ཐུམ་སྒྲིལ་བྱེད་པའི་ཟས་སྣ་དག་ལུས་ལ་ཕན་པའི་འཚོ་བཅུད་ཀྱི་ཟས་ཡིན་དྲན་ནས་ཕྱི་ཁེབས་སམ་ཕྱི་ལྤགས་གང་མཛེས་གང་ཡག་དང་། གང་སྙན་པོ་དང་འདྲ་ཆག་པོ་བྲིས་ཡོད་པའི་ཚོང་གི་ཁྱབ་སྒྲགས་ཀྱི་ཡི་གེ་ལ་མགོ་འཁོར་ནས་ཅ་ལག་དེ་ཚོ་མང་པོ་ང་ཚོས་ཉོ་ཡིས་ཡོད་རེད། དེ་ཚོ་ལ་གནོད་བྱེད་མངར་ཆ་མང་བ་ཧ་ལས་ཡ་རེད། བསམ་བློ་གཏོང་ན་སོ་སོས་དཀའ་ལས་བརྒྱབ་ནས་བསགས་པའི་དངུལ་དེ་ཕར་སྤྲོད་ནས་ང་ཚོའི་ནད་དེ་ཚུར་ཉོ་བའི་ཟོ་འདྲ་ཞིག་རེད་ཡོད་རེད།།

དེ་ནས་ཡང་བསམ་བློ་གཞན་ཅིག་གཏོང་ན། ཡིན་མདོག་ཁ་པོ་ཡོད་པའི་ཟས་རྫུས་མ་དེ་ཚོ་བཟོ་མཁན་མེད་པ་དང་། ཁྲོམ་ལ་རག་ཡ་མེད་ན་དུག་ཅན་གྱི་ཟས་དེ་ཚོ་ང་ཚོས་ཉོ་ཐབས་ཡོད་མ་རེད།། ཡུལ་དཀག་པས་ཡུལ་ཅན་འགག་པའི་ཟོ་འདྲ་བོ་རེད་འདུག་པ།།

མི་ལི་ལིཊར་ ༣༠༠ ཡིན་པའི་ཆུ་མངར་མོ་ཤེལ་དམ་ཆུང་བ་གཅིག་གི་ནང་ལ་རོབ་ཚོད་བྱེད་ན་ཀ་ར་ཐུར་མ་ ༡༡ ཙམ་ཡོད་པ་དང་། བཅུད་ཀྱི་ཕན་ཡོན་མེད་པ་རེད།།

བྱེ་མ་ཀ་ར་ལྷག་པོའམ་འཐེབ་པ་བླུག་མེད་པའི་ཚ་ལུ་མའི་ཁུ་བ་འཐུང་ཐེངས་གཅིག་གི་ནང་ལ་ carbohydrate མཁར་སྦོ་མངར་རྫས་ ༢༦ ཙམ་ཡོད་རེད།།

ཉི་མ་རེ་ལ་ཟས་མང་པོ་ཟ་བ་དང་། ཆུ་མངར་མོ་དང་ཤིང་ཐོག་ཁུ་བ་སོགས་ཡང་སེ་འཐུང་བ་ཡིན་ན་ལོ་ཁ་ཤས་གཅིག་གི་ནང་ལ་མི་མང་པོ་ཉུང་ཐ་ལ་ཀི་ལོ་བཅུ་ཙམ་གྱིས་རྒྱག་རུ་འགྲོ་ཡིས་ཡོད་རེད། དེ་ཡག་རྟགས་མ་རེད། དེ་ནད་རྟགས་ཆེན་པོ་རེད། དེ་ཙམ་དུ་མ་ཟད་གོང་དུ་ཞུས་པ་བཞིན་ diabetes མངར་ནད་དང་ cancer སྐྲན་ནད་སོགས་འཁྲིད་ཡོང་བ་ཡིན།།

རྒྱག་པ་ལ་སྤྱིར་ཕྱི་རྒྱག་ནང་རྒྱག་ཅན་དང་། ཕྱི་སྐམ་ནང་རྒྱག་ཅན་གཉིས་ཡོད་པས་གཉིས་ཀ་ཉེན་ཁ་ཆེ་བ་ཡིན། གང་ཡིན་ཞེ་ན་ནང་གི་དབང་པོ་དེ་དག་ལ་ཚིལ་གྱིས་ཐུམ་རྒྱག་ནས་གཉིས་ཀ་ལ་ནད་ངན་མང་པོ་ཡོང་བའི་རྒྱུ་རྐྱེན་བྱེད་ཀྱིས་ཡོད། ཕྱི་སྐམ་ནང་རྒྱག་ཅན་ལ་ TOFI = Thin Outside Fat Inside ཟེར།།

ལུས་ཁྲག་ནང་གི་མངར་རྫས་ཀ་ར་དེས་ཁྲག་ཤེད་མཐོ་རུ་གཏོང་གིས་ཡོད། དེའི་འབྲས་བུ་ལ་སྙིང་རྩ་འགག་པ་དང། ཀླད་རྩ་འགག་པ། དེ་བཞིན་སྙིང་ནད་གཞན་དག་ཀྱང་ན་ཡོང་གིས་ཡོད་རེད།།

ལུས་ཁྲག་ནང་ལ་མངར་རྫས་མང་ན་ཨིན་སུ་ལིན་དེ་མཐོ་རུ་འགྲོ་བས་དེས་རྐྱེན་གྱིས་ཁྲག་རྩའི་མཉེན་ཆ་ཉུང་རུ་འགྲོ་བ་དང་། ཁལ་མས་ཆུ་དང་ཚ་་་འཛིན་བཟུང་བྱེད་ཀྱིས་ཡོད་རེད།།

Packaged processed food ལས་སྣོན་བྱེད་པའི་ཟས་རྫས་སམ་བཟོ་གྲར་བཅོས་མར་བཟོས་ནས་ཐུམ་སྒྲིལ་བྱེད་པའི་ཟས་སྣ་དག་ལ་མངར་ཆ་མང་པོ་ཡོད། དེ་ལ་སྔོ་ལྡུམ་ corn མ་རྨོས་ལོ་ཏོག་གི་ཀ་ར་དང་། sugarcane བུ་ཤིང་གི་ཀ་ར་དང་། ཤིང་ཏོག་ལས་བྱུང་བའི་མངར་ཆ་ fructose “ཤིང་ཏོག་མངར་རྫས་”དེ་དག་མང་པོ་ཡོད། དེ་མཆིན་པས་ཚིལ་ལ་བསྒྱུར་བ་ཡིན། མུ་མཐུད་ནས་འདི་གྲས་དེ་བཟའ་བ་ཡིན་ན་ནང་གི་དབང་པོ་དག་ལ་ཚིལ་མང་པོ་གསོག་པ་ཡིན། རྗེས་སུ་མཆིན་པ་དེ་སྦོས་པ་དང་། མཆིན་པ་ལ་རྨ་ཤུལ་ཡོང་ནས་མཆིན་པ་གནོད་སྐྱོན་གཏོང་བ་ཡིན།།

གཞན་ཡང་མངར་རྫས་ཀ་ར་མང་ན་ཉིན་མོར་གཉིད་བྲོ་པོ་དང་། མཚན་མོར་གཉིད་ཡག་པོ་མ་ཁུག་པ་ཡོང་བས་རྗེས་མར་སྙིང་ནད་ཡོང་བའི་ཉེན་ཁ་ཆེ་རུ་གཏོང་བ་ཡིན།།

མངར་རྫས་ཀ་ར་དེ་མང་བས་ཀླད་པའི་ནང་ལ་སྐྲངས་སྦོས་བྱུང་བ་དང་། གཉན་ཚད་བྱུང་བའི་རྒྱུ་མཚན་གྱིས་སེམས་ཁམས་མ་བདེ་བའམ་མ་སྐྱིད་པ་ཡོང་སྟངས་གཅིག་འདི་འདྲ་ཡིན།།

Fructose ཤིང་ཏོག་མངར་རྫས་དེ་མང་ན་རྐང་འཛུབ་དང་སྤུས་མོ་དང་ཚིགས་གཞན་ལ་གཉན་ཁ་རྒྱས་ནས་སྐྲངས་པ་སོགས་བྱུང་ནས་ཚིགས་གྲུམ་ལ་གནོད་པ་ཡིན།།

Fructose ཤིང་ཏོག་མངར་རྫས་དེ་མང་ན་ཁལ་མ་ལ་རྡོ་ཡོང་བའི་ཉེན་ཁ་ཡང་ཆེ་རུ་འགྲོ་བ་ཡིན།།

Fructose ཤིང་ཏོག་ལས་བྱུང་བའི་མངར་རྫས་དང་། མངར་རྫས་གཞན་ཀ་ར་དང་། བྲོ་རིགས་དག་མང་པོ་ཟོས་པའི་འབྲས་བུར་ལོ་ཡང་རྒས་མགྱོགས་པ་ཡིན།།

More to come...

གཉེན་ཉེ་གྲོགས་ཚོ་ལ་ ketotibet.com འདི་སྟོན་རོགས། འགྲེམས་རོགས། སྐུལ་མ་གཏོང་རོགས། ནད་གཞི་མང་པོ་ལས་སྐྱོབས་རོགས། བཀའ་དྲིན་ཆེ། ཀི་སྤྲོ་རྒྱལ་ལོ།།

དྲྭ་རྒྱ་དང་དྲྭ་ཤོག་འདི་ཚོ་ད་ལྟ་བཟོ་བཀོད་དང་ཕྱོགས་སྒྲིག་བྱེད་མུས་ཡིན་པས་དགོངས་འཇགས་འཚལ།།